User talk:Berijigme
སེམས་ངོགས་ཀྱི་སྒྱུ་འཕྲུལ་ལ་ཕུལ་བའི་འཚམས་འཕྲིན།
______བེ་རི་དགེ་བཤེས་འཇིགས་མེད་དབང་རྒྱལ་གྱིས།
འཇམ༵་པའི་ངག་རིག་སྨྲ་བའི་དབྱངས༵་སྙན་གྱིས།། བརྟན་གཡོ་ཤུགས་ཀྱིས་སྒུལ་བའི་འགྱུར་བག་ལས།། སྨྱུག་ཐོགས་བྱེ་བའི་ཡིད་དབང་འགུལ་བྱེད་པའི།། གྲགས༵་པ༵་སྙན་མོས་ཁྱོད་ཉིད་སྲུང་གྱུར་ཅིག། རྩོམ་རིག་ནི་མིའི་བློ་གྲོས་ཀྱི་ཉིང་ཁུ་བརྟོལ་བའི་འབབ་རྒྱུན་ཡིན་ལ། གཟུགས་རིས་མི་མངོན་པའི་བྱ་དངོས་ཡོངས་རྫོགས་ཁྲ་ལྷམ་མེར་མཐོང་བའི་མིག་ཟུང་ཉག་གཅིག་ཀྱང་ཡིན། སུ་ཞིག་རྩོམ་རིག་གི་འཇིག་རྟེན་ཉུལ་བ་དེ་ནི་དོན་དངོས་ཀྱི་ཚོར་བའི་མྱོང་བྱང་ལ་ཁ་བྱང་འབྲི་བའི་ཡིག་མཁན་ཉག་གཅིག་དེ་ཡིན། དགའ་སྐྱོ་ཁྲོ་ཆགས་ཀྱིས་བསླུས་པའི་གདོང་པགས་ཀྱི་བཤུ་ལྐོག་ལ་མིག་ཆུ་དང་འཛུམ་ཀོང་གི་སྣང་བརྙན་བསྐྲུན་པ་དང༌། དལ་གྱིས་འཁྲིགས་པའི་སྤྲིན་དཀར་དང་དྲག་ཏུ་ཕྱུར་བའི་རྦ་རླབས་ཀྱིས་མཛེས་སྡུག་གི་བཀོད་པ་དང་སྐྲག་སྣང་གི་ཤུགས་རིང་འབྱིན་པས་ཚོར་བའི་སྒོ་གླེགས་དྲག་ཏུ་རྡུང་བའི་ཅོང་བརྡ་ལ་བརྟེན་ཅིང༌། ཚོར་བའི་སྒོ་གླེགས་རྡུང་བའི་བྲང་གཞུང་ན། གནོན་ཞིང་ནན་པ་དང་འཕར་ཞིང་ལྡང་བའི་སྙིང་ཆུང་ལ་དགོད་སྒྲའི་སྤྲོ་སྣང་དང་ངུ་སྒྲའི་སྐྱོ་རོགས་བྱེད་པའང་ཉམས་འགྱུར་གྱི་གསན་ཤུགས་འཕར་བའི་རྩོམ་རིག་གི་སྒྱུ་རྩལ་ཉག་ཅིག་ཡིན། མ་ཧཱ་ཙི་ནའི་ཡུལ་གྱི་གནའ་བོའི་སྐྱེས་མཆོག་དམ་པ་ཀོང་ཙེ་འཕྲུལ་གྱི་རྒྱལ་པོས། སྙན་ངག་མེད་ན་གཏམ་དུ་བྱ་བ་མེད། ཅེས་དང༌། དུས་དེང་ཚན་རིག་སྨྲ་བའི་མཁས་པ་ཞིག་གིས། གལ་ཏེ་ངའི་མི་ཚེ་ལྷག་མ་ཅུང་ཟད་ལྡན་ན་ང་རྩོམ་རིག་ལ་སྦྱོང་བར་འདོད། ཅེས་པའི་ཁེར་གཏམ་ཡང་ཤོར་མྱོང༌། གནའ་དང་དེང་གི་མཁས་པ་དང་གྲུབ་པའི་དམ་པ་མང་པོ་ཞིག་གིས། དཀའ་སྤྱད་འབད་འབུངས་དང་ཆེ་བཞག་ཆུང་བསྐྱུར་གྱིས་གང་ཞིག་གཏན་ལ་ཕབ་པའི་ཤེས་བྱའི་རྣམ་བཞག་དག་གསོན་ཉམས་ལྡན་པའི་རྩོམ་རིག་གི་སྒྱུ་རྩལ་ལ་བརྟེན་ནས་ཕྱིས་འབྱུང་གི་འགྲོ་བ་མིའི་རིགས་གཏོགས་ཚོའི་མིག་སྔར་མིག་འཕྲུལ་བཞིན་གཤམ་ཞིང་། རྣ་བའི་བུ་གར་སྦྲང་རྩི་བཞིན་བྱུགས་པའི་རླབས་ཆེན་གྱི་བྱ་བ་གཞག་ལས། འགྲོ་བ་མིའི་རིགས་ཀྱི་སྤྱི་ཚོགས་འདིར་ཆེས་ངོ་མཚར་ལྡན་ལ། ཆེས་འཁྲུག་ཆ་དོད་པའི་སྣང་བརྙན་འདི་དག ལོང་བས་བལྟས་ཀྱང་རྒྱལ་ཁམས་ཀྱི་དཔེ་ལྟར་གྱུར་པས། ཉི་མའི་གུང་གི་ལྭ་སྒྲོན་བཞིན་གསལ་བཤད་ག་ལ་དགོས། རང་རེ་བོད་ཀྱི་ཕ་མེས་དང་ཡང་མེས་ཚོའི་ཤ་ཁྲག་རུས་གསུམ་དང་། སྲིད་འབྱོར་རིག་གསུམ་ག་སྲིད་པ་ཆགས་པའི་གངས་རྒྱུན་དང༌། རྒྱ་མཚོ་འཕྱུར་བའི་རླབས་རྒྱུན་བཞིན་གཤེན་རབ་ནས་ཐོན་མི་དང༌། ས་པཎ་ནས་གོང་ས་ལྔ་པའི་བར་རྦབ་ཆུ་བཞིན་འཕྱོ་ཞིང་ལོ་འདབ་བཞིན་གྲོལ། དྲུག་པ་ཚངས་དབྱངས་རྒྱ་མཚོ་ནས་བཅུ་བཞི་བསྟན་འཛིན་རྒྱ་མཚོའི་བར་ཟླ་རིས་བཞིན་འགྱུར་ཞིང་དབྱར་མཚོ་བཞིན་གཡོ་བའི་རྒྱུད་རིམ་ཡང་ཉུང་ཉུང་མིན་ལ་ཆུང་ཆུང་ཡང་དེ་བས་ག་ལ་ཡིན། ཀྱེ་གྲོགས་པོ་ལགས་ངས་ཁྱོད་ལ་རྩོམ་རིག་གི་ངོ་བོ་དང་སྒྱུ་རྩལ་གྱི་གསོན་ཤུགས། ཚོར་བའི་ཉམས་འགྱུར་བཅས་ཀྱི་འགྲེལ་བརྗོད་ལ་གཡེངས་ནས་འབྲི་དགོས་པའི་སྐབས་དོན་དང་བཤད་དགོས་པའི་དོན་གནད་མ་ཞུས་པར་ལུས་འདུག ཀྱེ་གྲོགས་པོ་ལགས། ཁྱོད་ཀྱི་ཚོར་བའི་ཀློང་ནས་འབབ་པའི་ཉམས་སྣང་གི་སྣང་བརྙན་དང་། ཁྱོད་ཀྱི་རང་བྱུང་རྩལ་གྱིས་བསྐྲུན་པའི་སྒྱུ་འཕྲུལ་གྱི་འགྱིངས་བག ཁྱེད་ཀྱི་ཆེད་དུ་མངགས་པའི་ཉམས་འགྱུར་གྱི་སྟངས་སྟབས་གསུམ་གཅིག་ཏུ་སྒྲིལ་བའི་རྩོམ་ཡིག་(གྲོག་མ___སེམས་ངོགས་ཀྱི་སྒྱུ་འཕྲུལ)གྱི་ཤོག་བྱང་དེ་ངའི་མིག་སྔར་དངོས་སུ་འཆར་ཞིང་། ངའི་ལག་པར་དངོས་སུ་རེག་པའི་ཉིན་དེ་ནས་བཟུང་། གྲོས་ཚོགས་ཀྱི་དུས་ཚིགས་དང་མཐོང་ཁྱེར་གྱི་བྲེལ་ཟིང་འཐབ་པའི་གསེབ་ནས་མཚན་མོའི་གློག་འོད་འཁྱུག་པའི་བར་གསུབ་ན་མིག་ལམ་དུ་འཆར་བའི་གཟུགས་རིས་བཞིན་འདོད་པ་ཁེངས་པའི་ལྟ་ལོངས་དང་ཕུག་ཐག་ཆོད་པའི་དཔྱོད་ལོངས་ཤིག་མ་བྱུང་བར་ཉིན་ཤས་ལུས་པར་དགོངས་སེལ་ཞུ། ཀྱེ་གྲོགས་པོ་ལགས། མཐོ་སློབ་ཀྱི་རྭ་བར་སླེབས་རྗེས་ནས་དགེ་འོས་ཀྱི་ཡིག་ཚད་འཁྲུག་པའི་བར་གསུབ་ན་ལྟ་བའི་དུས་ཚོད་ལྷུག་པ་དང་ཁམ་པའི་སེམས་པ་དལ་པའི་དུས་སྐལ་ཡང་རྟ་རྔའི་ཉག་མ་དང་གྲོག་མའི་སྐེད་པ་བཞིན་ཕྲ་བས། མཚན་མོ་ཁོ་ནར་གཡུལ་སའི་དམག་བཀོད་དང་མེས་པོའི་དུར་རྐུས་བཞིན་འཛུལ་ནས་མིག་ཟུང་གིས་བལྟས་ཤིང་མངོན་རྗེས་ཀྱིས་དཔྱོད་པའི་ཁུལ་བྱས། ཀྱེ་གྲོགས་པོ་ལགས། ཁྱོད་ཀྱི་སྒྲུ་རྩལ་དང་ཚོར་བ་བརྡར་བའི་མྱོང་བྱང་གི་སྒོ་གླེགས་ལ་མགོ་《སྐར་མདའ》ནས་མཇུག་《གྲོག་མ》འི་བར་གྱི་རྩོམ་ཚན་རེ་རེ་བཞིན་མཛུབ་མོ་རི་བསྟན་དང་ནག་པོ་འགྲོ་ཤེས་ཀྱི་ཚུལ་དུ་བལྟས་པས། ཕལ་ཆེར་ཐེངས་དང་པོ་ཀློག་པ་པོ་ཡིན་པའི་ཁོ་བོའི་སེམས་ངོགས་སུ་བསྐྲུན་པའི་ཚོར་བའི་བརྙན་རིས་ནི། ཚོར་བའི་ཟ་འཁྲུག་སློང་བའི་སྒྲུང་རྩོམ་ཚན་པ་རེས་སྤྱི་ཚོགས་འདིའི་འཚོ་བའི་སྣང་བརྙན་རྣམས་སྤང་ལྗོངས་ལ་མེ་ཏོག་བཀྲམས་པ་དང༌། ནགས་རི་ལ་སྨུག་པ་འཐིབ་པ་བཞིན་བཀྲ་ཞིང་སྨུག་པའི་རང་གཤིས་ལྡན། མཛེས་བཀོད་ཀྱི་བཀྲག་རྩི་བྱུགས་བའི་སྲོལ་རྒྱུན་གྱི་སྙན་ཚིག་རེ་རེ་བཞིན་འོད་མདངས་མཆོད་པའི་ལྭ་སྒྲོན་དང༌། རྨོངས་གཉིད་སྐྲོགས་པའི་དུང་སྒྲ་བཞིན་གསལ་བས། སྐྱེས་སྦྱངས་ཀྱི་བག་ཆགས་ངེས་ཅན་ལྡན་པའི་འགྲོ་བ་མིའི་རིགས་ཤིག་ཡིན་ན། ཟུར་གསུམ་གྱི་སེམས་ཁམས་ལ་གཡོ་འགུལ་ཐེབས་པའི་སྒུལ་ཤུགས་ལྡན། རྟོག་འཆར་གྱི་འཇའ་རིས་བཀྲ་བའི་གུར་ཁྱིམ་ན་འཆར་ཡན་གྱི་མཛེས་བཀོད་བསྐྲུན་པའི་དག་ཞིང་རེ་རེ་བཞིན། ཆེས་ཡ་མཚན་ཆེ་བའི་ཉམས་འགྱུར་གྱི་གསོན་ཤུགས་འཕར་ཞིང༌། ཆེས་འཁྲུག་ཆ་དོད་པའི་སྒྱུ་རྩལ་གྱི་བཀོད་པ་གསལ་བས། རྟོག་བཟོའི་ལམ་ནས་དངོས་དོན་མཚོན་པའི་སྒྱུ་འཕྲུལ་གྱི་བཀོད་པས་ཀློག་པོའི་ཚོར་སྣང་གི་འགྱུར་བག་ལ་འོག་འགྱུའི་ནུས་པ་ལྡན་པ་སྟེ། རྩོམ་ཡིག་རེ་རེ་དང༌། ལེ་ཚན་རེ་རེའི་དབྱེ་འབྱེད་ཀྱིས་ཞིབ་འབྲི་མ་བྱས་པར་མཛུབ་མོ་རི་སྟོན་གྱིས་སྤྱི་རྣམ་བརྗོད་པས་ནང་བསྲེས་དཔོག་ནུས་པའི་ལུགས་སུ་བྱས་པ་ལགས། ཆེས་ཐོག་མའི་ཀློག་པ་པོ་སྟེ་ཕྲན་གྱི་ཚོར་སྣང་གི་མཚམས་སྦྱོར་ཞུ་རྒྱུ། ཀྱེ་གྲོགས་པོ་ལགས། མཛེས་བཀོད་ཀྱིས་ཁོར་ཡུག་སྒུལ་བའི་རྩོམ་པ་པོ། རྟོག་འཆར་གྱིས་སེམས་ངོགས་གཏམས་པའི་སྙན་ངག་པ། མཁྱོགས་བརྗོད་ཀྱི་བདེན་དོན་སྟེགས་པའི་སྨྱུག་ཐོགས་པ། ད་དུང་བྲིས་དང་སྒྱུ་རྩལ་གྱིས་ཚོར་བ་སྒུལ་བའི་སྙན་ངག་བྲིས་དང༌། ཉམས་འགྱུར་ཀྱིས་མི་སེམས་འགུག་བའི་སྒྲུང་རྩོམ་བྲིས་དང༌། བཟང་པོར་བསྟོད་པའི་སྦྲང་རྩི་ལྟ་བུའི་སྙན་ངག་བྲིས་དང་། ངན་པར་སྨོད་པའི་སྤུ་གྲིའི་ངོ་ཁ་ཕྱུང་བའི་སྙན་ངག་བྲིས་དང༌། སྤྱི་ཚོགས་འཚོ་བའི་སྙིང་དོན་གསལ་བའི་གངས་རྒྱུན་ལྟར་འཇོ་བའི་སྒྲུང་རྩོམ་བྲིས་དང༌། ཀྱེ་རྩོམ་པ་པོ། སྨྱུ་གུའི་རྩེ་མོ་ལ་རྫོགས་ཚིགས་བཅུ་གཅིག་གི་ཁ་བཅད་མི་བཀབ་པར། སོར་རྩེ་གསུམ་པོ་ལྷག་བཅས་ཀྱི་ཚིག་ཕྲད་བཞིན་ནམ་ཡང་སྨྱུ་གུ་ལ་སྦྱོར་དང་། ཀྱེ་གྲོགས་པོ་ལགས། ཀ་ཡེ་ཀློག་པ་པོ་ཚོ། རྩོམ་རིག་གི་རིན་ཐང་ནི་ཀློག་པ་པོ་ཁོ་ནས་གཞལ་བ་ལས་རྩོམ་པོས་ནམ་ཡང་གཞལ་ནུས་མིན། རྟ་ཕོ་རྟ་རའི་ནང་བཏགས་ན་གོང་ཚད་མི་རྒྱག་པ་བཞིན་ཀློག་པ་པོ་ཚོས་ཅིས་ཀྱང་གོང་ཚད་སྐྱོན་དགོས། རྟ་ཕོའི་མགོ་རྣ་ནས་སུག་བཞིའི་བར་ཐ་ན་སྤུ་ཉག་རེ་རེ་བཞིན་དཔྱད་པའི་གཞིར་འཇོག་ནས། ལེགས་ཉེས་བརྟག་དགོས་ལ། རིང་ཐུང་མཇལ་དགོས། དཀར་ནག་དབྱེ་དགོས་ལ། སྦོམ་ཕྲ་དཔྱོད་དགོས། ཀ་ཡེ་ཀློག་པ་པོ་ཚོ། རྩོམ་དེབ་འདི་ཉིད་བཀླགས་པའི་རྒྱུད་རིམ་ལས་ཁྱེད་ཀྱི་སེམས་ངོས་ན་འཆར་བའི་གཟུགས་རིས་གང་ཞིག་ལྡན་པ་དེ་དྲ་རྒྱ་དང་ཟིན་བྲིས། དུས་དེབ་དང་ཚགས་ཤོག འགྲོ་བ་མིའི་རིགས་ཀྱི་ཆུ་བུར་མིག་དང༌། དར་ལུང་རྣ་བའི་སྤྱོད་ཡུལ་དུ་སྤེལ་བ་ནི་ཁྱེད་དང་ཁྱེད་ཅག་ལ་འཁྲིས་པའི་འགན་ཡིན། མཐའ་དོན་རྩོམ་པ་པོ་ལ་ལེགས་གསོལ་དང་ནམ་ཡང་རྩོམ་རིག་རྒྱལ་པའི་སྨོན་འདུན་ཞུ། དབང་ཆེན་དཔོན་དང་འབྱོར་ལྡན་ཕྱུག་པོ་ཚོས། ། ཤེད་ཤུགས་ནུས་པས་སྒྲུལ་ཙམ་མི་ནུས་ཀྱང་། ། ཉམས་འགྱུར་རླུང་གིས་བྱ་སྤུ་བཞིན་གཡོ་བའི། ། རྩོམ་རིག་འཕྲུལ་གྱིས་གླིང་འདི་དགེ་གྱུར་ཅིག༌། དགེ་མིང་ཟུར་ཙམ་འདྲེན་པ་བེ་རི་འཇིགས་མེད་ཀྱི་གནས་མཆོག་དྲང་སྲོངལྷུང་བའི་ནགས་འདབ་ཝཱརཱཎསིའི་མཐོ་སློབ་ཀྱི་ཞི་མཚོ་དཔེ་མཛོད་ཁང་དུ། རབ་རྒྱལ་ལྕགས་སྤྲེལ་སྤྱི་ལོ་ ༢༠༡༡ ཟླ་བ ༤ ཚེས ༦ ཉིན་བྲིས་པ་དགེ །
ཤིས་པའི་འཚམས་འཕྲིན་འདི་ཉིད་ཁྱོད་ལ་ཕུལ།
[རྩོམ་སྒྲིག]ཤིས་པའི་འཚམས་འཕྲིན་འདི་ཉིད་ཁྱོད་ལ་ཕུལ། <<འཁྱམས་པོའི་ལས་དབང་།__སྤུ་གྲིའི་སོ་ཐོག་ཏུ་འཁྲབ་པའི་སྐྱོ་གར་གྱི་ལེ་ཚན>>བཀླགས་པའི་མཐོང་སྣང་། _____རྩོམ་པ་པོ་བྱམས་པ་དབང་ལྡན་ལ་ཕུལ་བ།
གནམ་མཐོངས་སྨག་གིས་ཟོས་པའི་མཚན་གཞུང་ན། །
སྒྱུ་རྩལ་གློག་འོད་འཁྱུག་པའི་འགྱུར་བག་གིས། ། དངོས་བདེན་ལྐོག་འགྱུར་གསལ་བའི་དུས་ཀྱི་ཡུན། ། སྐར་མདའི་འོད་ཀྱིས་འཁྱུག་པའི་སྙན་ངག་རྒྱལ། ། མི་རིགས་ཤིག་གི་ཚེ་སྲོག་ལ་བརྟན་བཞུགས་འབུལ་འདོད་ན། མི་རིགས་དེའི་ཟུང=་ཁྲག་གི་རྒྱུད་ལམ་ལ་གད་སྙིགས་ཀྱི་འགོག་རྐྱེན་སེལ་ཐབས་བྱེད་དགོས་ལ། མི་རིགས་དེའི་དབང་རྩར་འཕུར་མཉེད་རན་པོ་དགོས་པའང་ལྡོག་ཐབས་མེད་པའི་ཆོས་ཉིད་ཀྱི་རང་བཞིན་ཡིན། མི་མི་ཉུང་བ་ཞིག་གི་གདོང་ངོས་སུ་ཁྲ་ཀོར་ཀོར་འཁྱིལ་བའི་མིག་ཟུང་དང་། མགོ་ཟུར་ན་གོར་ཐེར་ཐེར་ཀྲོང་པའི་ཨ་ཆོག་གཉིས་ཀ་ལྡན་ནའང་། གནས་ལུགས་འདི་ལྟ་ན་མི་མཐོང་ཞིང་ཉན་ན་མི་གོ །གནས་ལུགས་འདི་ལྟ་འདོད་པ་དང་། རྒྱུ་མཚན་འདི་ཉན་འདོད་པ་ཞིག་ཡིན་ན། ཀླད་རྩའི་རྒྱུད་ལམ་ལ་མི་རིགས་ཀྱི་གསོན་ཤུགས་འཕར་མཁན་ཞིག་ཡིན་དགོས། སྐྱེ་བོ་དེ་རིགས་ལ་གནས་ལུགས་དེ་ཉིད་ཀླད་རྩའི་སྒུལ་སྐྱོད་རྒྱུད་དེ་སྲོག་རྩའི་ཟུངས་ཁྲག་དང་འདྲེས་ནས་སྙིང་གི་འཕར་ལྡང་བྱེད་ས་སྲོག་གི་རྩ་མདུད་ལ་འཐམ་བའི་ཚོར་ཤུགས་ལྡོག་ཐབས་མེད་པ་ཞིག་སླེབས་འོང་། སྐབས་དེར། ཧ་ལམ་ཤི་ཟིན་པའི་མི་རིགས་ཤིག་འདས་ལོག་ཕེབས་དགོས་ན། ཡང་ན་འཆི་ཁ་མའི་ནད་པ་ཞིག་དྲག་བསྐྱོད་ཐུབ་དགོས་ན། ཡང་ན་འགྱེལ་ས་ནས་ལང་འདོད་པའི་མི་ཞིག་གྱེན་དུ་སློང་དགོས་ན། ཅི་ཞིག་ལ་ལག་པ་འཆང་དགོས་པ་དང་། གང་ཞིག་ལ་སྐྱབས་སུ་བཅོལ་དགོས་པའི་ཐབས་ལམ་ཟུང་ཞིག་མིག་ལམ་དུ་འཆར་འོང་ལ། རྣ་ལམ་དུ་གྲགས་འོང་། དེ་དུས་མི་རིགས་ཤིག་གི་གསོན་ཤུགས་སྦར་བའི་ལམ་བུ་ལ། སྔོན་ཀྱི་མཁས་གྲུབ་སྐྱེས་ཆེན་ཚོས་ལུང་དུ་སྟོན་པའི་རྩ་ཚིག་དང་། ཉེ་བའི་ཆབ་སྲིད་པ་ཚོས་སྡོམ་ཚིག་བཀོད་པའི་གྲུབ་དོན་དག་ལས་གསལ་བ་ལྟར། སྐད་ཡིག་གི་བླ་སྲོག་འཚོལ་རྒྱུ་ཉག་གཅིག་པོ། འཆི་ཁའི་མི་རིགས་ཤིག་སྐྱོབ་པའི་རིན་ཆེན་རིལ་བུ་དངོས་དེ་ཡིན་ལ། མི་རིགས་ཤིག་འགྱེལ་ས་ནས་སློང་པའི་ཐག་འཕྲུལ་དངོས་གནས་དེ་ཡིན། ཀྱེ། རྩོམ་པ་པོ། སྙན་ངག་པ། སྒྱུ་རྩལ་བ། གནས་ལུགས་འདིས་ཁྱེད་ཀྱི་སེམས་རྩ་སྒུལ་བ་ནས་བཟུང་། རྒྱུ་མཚན་འདིས་ཁྱེད་ཀྱི་ཚོར་འདུ་དཀྲུག་པ་ནས་བཟུང་། རྒྱུ་མཚན་འབྲེལ་ས་ནས་གཏན་ཚིགས་བཀོད། ཚོར་བ་ཟབ་ས་ནས་སྙན་ངག་བྲིས། གཞིས་བྱེས་ཀྱི་གནས་བབ་དབར་ནས་མིག་ཆུ་དང་སྐྱོ་སྣང་གི་གཟུགས་རིས་བཀོད། རྗེས་ལུས་དང་མུན་ནག་གི་མཇུག་སྣེ་ནས། ར་སྤྲོད་དང་བདེན་ཁའི་རྒྱུ་མཚན་བརྡར། སྔོན་ཐོན་དང་འོད་སྣང་འདྲེས་མཚམས་ནས། ཡིན་སྨོན་དང་རེ་གདུང་མཆར། དད་པ་དང་ཡིད་ཆེས་བར་ནས་བསྟོད་པ་དང་གསོལ་འདེབས་གྱེར། སྐྱོ་གདུང་དང་ལས་དབང་འཛིངས་པའི་སྲུབས་ཀ་ནས། སྨྲེང་སེམས་དང་ཞེ་ཁོག་ཀྱི་རླབས་རིས་བརྩེགས། འདོད་རྩེའི་འཁྲུལ་སྣང་ལ་མཛེས་བཀོད་ཀྱི་ཚོམས་བུ་བསྐྲུན། མཁྲེགས་འཛིན་དང་ཕྱོགས་ཞེན་ལ་མཆིལ་ཞགས་དང་ཞེན་ལོག་གི་སྡོམ་ཚིག་བཀོད། ཁྲོ་ཆགས་ཀྱི་འཛིན་སྟངས་ལ་སྒྱུ་རྩལ་གྱི་འབུར་བརྙན་བརྐོས། རྒྱལ་ཞེན་དང་རང་དབང་གི་གཡུལ་ས་ན་བདེན་དོན་གྱི་དར་ཆེན་བསླངས། མདོར་ན་ཚོར་བའི་བཟི་ཁ་ནས་སྨྱུག་རྩེ་བརྡར། སྒྱུ་རྩལ་འབུར་མཚམས་ནས་ཤོག་བུ་བཀྲམས། ཉམས་འགྱུར་རྩེན་མཚམས་ནས་སྣག་བྲིས་ཕབ་སྟེ། འཁྱམས་པོའི་ལས་དབང་ལས་སྦྲུམ་པའི་སྙན་ཚིག་གི་ཚོམས་བུ་ཞིག སྤུ་གྲིའི་སོ་ཐོག་ཏུ་འཁྲབ་པའི་སྐྱོ་གར་གྱི་ལེ་ཚན་གསར་པ་ཞིག་ཏུ་བསྒྱུར་ཏེ། རྩོམ་པ་པོ་བརྒྱ་ཕྲག་དང་ཀློག་པ་པོ་སྟོང་ཕྲག་གི་མིག་སྔ་ལ། ན་ཆུང་མའི་ལང་ཚོའི་མགྲོན་སྟོན་དང་། འབྱོར་ལྡན་པའི་དངོས་ཟོག་གི་ཁྲོམ་ར་བཞིན་གཤམ་འདུག་པར་ངས་ནམ་ཡང་དགའ་བསུ་དང་མཚམས་འདྲི་ཞུ། ཀྱེ། སྙན་ངག་པ། ཕ་ས་རྒྱངས་རིང་དུ་བསྐྱུར་བའི་ཡུལ་གྱར་བ། མི་ཡུལ་པང་དུ་ལེན་པའི་འཁྱམས་པོ་པ། ལས་དབང་སྔས་སུ་བྱས་པའི་སྐྱབས་བཅོལ་བ། ཁྱེད་ཀྱི་ལས་དབང་སྟེ། སྤུ་གྲིའི་སོ་ཐོག་ཏུ་འཁྲབ་པའི་སྐྱོ་གར་གྱི་ལེ་ཚན་རེ་རེ་བཞིན། ངས་ཚིག་སྦྱོར་སྐྱོག་ས་ནས་བལྟས་ཤིང་། ཚོར་བའི་ཟབ་ས་ནས་མྱོང་པས། སྤུ་གྲིའི་སོ་ཐོག་ཏུ་འཁྲབ་པའི་སྐྱོ་གར་གྱི་ལེ་ཚན་ཁག་ཅིག་ནི། གཞོན་ནུ་མའི་བྲང་ཤ་ལས་འཇམ་པས། སྙན་ཚིག་དེ་རིགས་ལ་ཚོར་བའི་ཟབ་མཚམས་ནས་ཕྱི་མིག་གིས་དྲན་རྟེན་བཀོད། སྐྱོ་གར་ཁག་ཅིག་ནི་དབང་རྩའི་གསོན་ཤུགས་སྣོན་པའི་ཨ་རག་བཞིན་བཏུང་པས། སྙན་ཚིག་དེ་དག་གིས་ཚོར་བའི་བཟི་ཁ་འཕར་བའི་སྐྱོ་སྣང་གི་ཟུར་ཐོ་བཀོད། སྐྱོ་གར་གྱི་ལེ་ཚན་རེ་གཉིས་ནི་སྦྲང་རྩི་ལྟར་མངར་ཞིང་། ལ་ལ་ནི་སི་པན་བཞིན་ཚ་བས། ཚོགས་དྲུག་འདུས་པའི་རྣམ་ཤེས་ལ་རོ་དྲུག་འདུས་པའི་བྲོ་བ་དང་། གཟུགས་དབྱིབས་འདྲེས་པའི་ལྟད་མོ་བཞིན་རེ་རེ་ནས་བུར་ཤིང་འོ་མ་སྦྲང་རྩི་བཞིན་ངོ་བོ་གཅིག་ཀྱང་རྣམ་པ་མང་བས་འགྲེལ་བརྗོད་འཐུས་ཚང་བ་ཞིག་དང་ཆ་ཚང་བ་ཞིག་ཞུ་ཐབས་བྲལ་བས། ཀློག་པ་པོ་སོ་སོའི་ངོས་ནས་ཚད་ཐིག་རེ་འཇལ་དགོས་པའང་དྲན་གསོའི་ཅོང་བརྡ་དང། འབོད་སྐུལ་གྱི་གཡབ་མོ་རེ་ཡང་ཞུ་འདོད་བྱུང་། སྙན་ངག་པ། ཕ་མ་གསོན་བྲལ་བྱས་པའི་མཇུག་སྣེ། ཤེས་བྱའི་སྡུམ་ར་འགྲིམས་པའི་ཁོར་ཡུག་དེ་ནས། སོར་རྩེ་གསུམ་གྱིས་སྨྱུ་གུ་སྒུལ་སྐྱོད་བྱེད་པའི་གར་སྟེགས་ཐོག མིག་ཟུང་དང་ཚེ་སྲོག་གི་དབུ་ཁྱུད་བྲིས་པའི་ཉིན་དེ་ནས། མི་ལོ་ཧྲིལ་པོ་བཅུའི་རིང་། ངའི་ཁ་ཆུའི་ཐིགས་པ་ཁྱེད་ལ་འཐོར་མྱོང་ཞིང་། ངའི་འཛུམ་ཀོང་དང་གདོང་གཉེར་གྱིས་ཁྱེད་ཀྱི་རྨི་ལམ་དཀྲོགས་མྱོང་ལ། ངས་མིག་འོད་ཀྱིས་བསྐྱངས་ཤིང་ངས་མིག་འོག་ནས་འཚར་བའི་ངའི་སློབ་མ། ངས་རེ་བའི་མིག་ཞགས་ཀྱིས་རྒྱུན་རིང་བཅིངས་མྱོང་ལ་རྒྱུན་རིང་འཆིང་བཞིན་པའི་ཁྱེད་ཀྱིས། “འཁྱམས་པོའི་ལས་དབང་གིས་སྐྲུན་པའི་སྤུ་གྲིའི་སོ་ཐོག་ཏུ་འཁྲབ་པའི་སྐྱོ་གར་གྱི་ལེ་ཚན་”ཞིག་གནམ་འོག་འདིར་འཁྲབ་པའི་དགྱེས་སྟོན་གྱི་དབུ་ཁྱུད་བྲིས་པར་ངས་གསེར་སྲང་སྟོང་གིས་མི་ཁུག་པའི་ཡིད་རང་དང་བསྔགས་བརྗོད་ཁྱོད་ལ་ཕུལ་ཡོད་ལ། དབུ་ཁྱུད་འདིའི་གཤམ་ལ་བཞི་ཤད་དང་རྫོགས་ཚིག་གིས་མཇུག་སྡོམ་མི་འགོད་པར། ལྷག་བཅས་དང་ཆིག་ཤད་ཀྱི་མཚམས་སྦྱོར་བྱས་ནས། ཏེ་དེ་སྟེ་གསུམ་དང་འདྲ་བའི་སོ་རྩེ་གསུམ་གྱིས་གཞོན་ནུ་མའི་སྐུ་ལུས་དང་འདྲ་བའི་ཕྲ་ལྡེམ་འཁྱུག་པའི་སྨྱུ་གུ་ནམ་ཡང་མི་གློད་པར། གོམ་ཞིང་ཆེན་པོས་མདུན་བསྐྱོད་གནང་སྟེ། ངན་སྲོལ་ཐེར་འདོན་དང་། གོ་སྐོན་ར་སྤྲོད། སྐྱོན་ཡོན་ཡོ་སྲོང་གིས། སྒྱུ་རྩལ་དང་ཚོར་བ་བརྡར་བའི་རྩོམ་རིག་སྟོན་ཀའི་ཟླ་བ་དང་དབྱར་ཀའི་རྒྱ་མཚོ་བཞིན་སྤེལ་རྒྱུའི་རེ་བ་དང་སྨོན་འདུན་ཞུ་རྒྱུ་ཡིན་ལ། དེ་ནི་དགེ་རྒན་ཞིག་གིས་དགེ་ཕྲུག་ཅིག་ལ་བཀའ་ལུང་ཕེབས་པ་ཡིན་ཟེར་ན་ཆོག རྩོམ་རིག་རྒྱལ་གྱུར་ཅིག སྒྱུ་རྩལ་དང་ཚོར་བ་བརྡལ་བའི་རྩོམ་རིག་རྒྱལ་གྱུར་ཅིག རྩོམ་པ་པོ་རྒྱལ་གྱུར་ཅིག གནས་ལུགས་དང་དྲང་བདེན་འཚོལ་བའི་རྩོམ་པ་པོ་རྒྱལ་གྱུར་ཅིག མིད་པའི་འཕྲང་ལམ་བཙན་གྱིས་བརྫངས་པའི་ཟས།། མ་ཡིན་ཚོར་བའི་ཉིང་ཁུ་འཁྱིལ་བའི་ཆང་།། ཡིད་ལ་སིམ་པས་སྙན་དགུའི་ཉམས་ལྡན་གླུ།། མཁས་དགུའི་རྣ་བར་ནམ་ཡང་རྩེན་གྱུར་ཅིག།། སྙན་ངག་པ་བེ་རི་འཇིགས་མེད་ཀྱིས་གནས་མཆོག་དྲང་ལྷུང་བའི་ནགས་ཁྲོད། ཝཱ་ཎ་ཆེས་མཐོའི་གཙུག་ལག་སློབ་གྲྭ་ཆེན་མོར། སྤྱི་ལོ་ ༢༠༡༡ ཟླ་ ༡༠ ཚེས་ ༡༦ ལ་བྲིས།
Translation
[རྩོམ་སྒྲིག]Hello, could you please translate Automatic refresh/स्वचालित ताज़ा करना/自动更新 to བོད་ཡིག? Thanks -XQV- (talk) ༡༩:༢༡, ༧ ཟླ་དང་པོ། ༢༠༡༧ (UTC)
- Hey, can you translate the bolded sentence? -XQV- (talk) ༢༠:༢༡, ༡ ཟླ་གསུམ། ༢༠༡༧ (UTC)
Offline Wikipedia distribution system in the Languages of India
[རྩོམ་སྒྲིག]Wondering if you can translate these three sentences into Tibetan
https://meta.wikimedia.org/wiki/Internet-in-a-Box/India#Tibetan
Project is described here
https://meta.wikimedia.org/wiki/Internet-in-a-Box
Thanks Doc James (talk) ༠༧:༢༦, ༢༩ ཟླ་བཅུ་གཉིས་པ། ༢༠༡༧ (UTC)
- Text for translation now here
https://meta.wikimedia.org/wiki/Talk:Internet-in-a-Box/India#Tibetan
Reverted main page edit
[རྩོམ་སྒྲིག]Hi Berijigme. I have reverted your edit to the Main Page (གཙོ་ངོས།). Although I do not speak Tibetan, User:Tsebho reviewed your edit and asked me to revert it. Regards, PiRSquared17 (talk) ༠༡:༤༣, ༢༢ ཟླ་བརྒྱད་པ། ༢༠༡༨ (UTC)